སྨན་ཁང་གི་ངོ་སྤྲོད་མདོར་བསྡུས།
གཙོ་ངོས། སྨན་ཁང་། སྨན་ཁང་གི་ངོ་སྤྲོད་མདོར་བསྡུས།

ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ནི་ལྷོ་ཁུལ་གྱི་བོད་ལུགས་གསོ་རིག་ལྟེ་གནས་ཤིག་ཡིན་པ་དང་།  སྨན་ཁང་འཛུགས་སྐྲུན་བྱས་ནས་ད་བར་ལོ་ངོ་བཞི་བཅུ་ལྷག་ཙམ་རིང་“སྙིང་བཅུད་རྒྱུད་འཛིན་དང་བདེན་སྐྱོང་གསར་གཏོད་”ཀྱི་འཕེལ་རྒྱས་ལམ་བུ་བརྒྱུད་ཡོད་ཅིང་།  དེ་ཡང་ཆེས་ཐོག་མའི་བོད་སྨན་སྒོ་བསྟེན་རྐྱང་པ་ནས་ད་ལྟའི་ཕྱོགས་ཡོངས་ཀྱི་སྨན་བཅོས་དང་སྔོན་འགོག  བདེ་སྲུང་། སློབ་གསོ། ཚན་རིག་ཞིབ་འཇུག  རིག་གནས་འཛུགས་སྐྱོང་། བོད་སྨན་ཐོན་སྐྱེད་དང་ཆེད་ཚོང་བཅས་ཕྱོགས་བསྡུས་རང་བཞིན་གྱི་རིམ་གསུམ་ཀ་པའི་སྨན་ཁང་ཞིག་ལ་འཕེལ་རྒྱས་ཕྱིན་ཡོད། དེ་ཡང་སྨན་ཁང་འདི་ཉིད་༢༠༠༣ལོ་དང་། ༢༠༡༢ལོ།  ༢༠༡༧ལོ་བཅས་སོ་སོར་རིམ་གཉིས་ཀ་པའི་སྨན་ཁང་དང་། རིམ་གསུམ་ཁ་པའི་སྨན་ཁང་།  རིམ་གསུམ་ཀ་པའི་སྨན་ཁང་བཅས་སོ་སོའི་མཚན་སྙན་བླངས་ཡོད་པ་དང་། ༢༠༠༩ལོའི་སྔ་རྗེས་སུ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་རིག་གནས་འཛུགས་སྐྲུན་གྱི་དཔེ་མཚོན་རང་བཞིན་སྨན་ཁང་དང་།  རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྲུང་ལུགས་སྨན་རྫས་འདུལ་སྦྱོང་རྒྱུན་མཐུད་སློབ་གསོའི་ལྟེ་གནས་ཀྱི་མཚན་བྱང་ཐོབ་པ། ༢༠༡༡ལོའི་སྔ་རྗེས་སུ་རྒྱལ་ཁབ་རིམ་པ་ཐེངས་གཉིས་པའི་གཙོ་གནད་མི་རིགས་སྨན་ཁང་འཛུགས་སྐྲུན་ལས་ཁུངས་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་བོད་སྨན་ཚད་ལྡན་ལག་རྩལ་བཀོལ་སྤྱོད་ཁྱབ་སྤེལ་རྣམ་གྲངས་ཀྱི་འགན་འཁུར་ཚན་པར་གཏན་འཁེལ་བྱུང་བ།  ༢༠༡༢ལོར་རྒྱལ་ཁབ་གསོ་རིག་དོ་དམ་ཅུས་ཐེངས་དང་པོའི་ཀྲུང་ལུགས་ནད་ཐོག་ཞིབ་འཇུག་ལྟེ་གནས་ཚན་རིག་ཞིབ་འཇུག་གི་རོགས་སྐྱོར་ཚན་པ་དང་། ༢༠༡༦ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་། ༢༠༡༧ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་རྒྱུད་འཛིན་གསར་གཏོད་ལས་གྲྭའི་གཙོ་གནད་སྨན་ཁང་བརྒྱའི་ཁོངས་སུ་གཏོགས་པའི་འཛུགས་སྐྲུན་ཚན་པ། ༢༠༡༨ལོར་རྒྱལ་ཁབ་ཀྱི་ཐེངས་གཉིས་པའི་བོད་ལུགས་གསོ་རིག་ནད་སྡོད་སྨན་སྨན་པའི་ཚད་ལྡན་ཟབ་སྦྱོང་རྟེན་གཞིགསོགས་ཀྱི་མཚན་བྱང་ཐོབ་པ་དང་།  དེ་བཞིན་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་ལས་ཁུངས་ཀྱི་མཚན་སྙན་དང་། རྒྱལ་ཡོངས་འཕྲོད་བསྟེན་མ་ལག་གི་སྔོན་ཐོན་ཚོགས་པ། རྒྱལ་ཡོངས་བུད་མེད་དཔལ་ཡོན་གཟི་བརྗིད་མཚན་སྙན།  ཐེངས་ལྔ་པའི་རྒྱལ་ཡོངས་ཤེས་དཔལ་ལས་ཁུངས།  བོད་རང་སྐྱོང་ལྗོངས་སྔོན་ཐོན་ཚོགས་པ།  ལྗོངས་རིམ་པའི་གཞོན་ནུ་ཡ་རབས་ཅན་གྱི་ཚན་པ། ལྷོ་ཁ་གྲོང་ཁྱེར་དམངས་གཙོའི་དཔྱད་མོལ་ཀུན་སྤྱོད་འདེང་འཇོག་ཐུབ་པའི་ཚན་པ་བཅས་ཀྱི་མཚན་སྙན་སོགས་ཐོབ་ཡོད། །

 

༡༽  མི་སྣའི་སྒྲིག་ཁོངས་དང་འགོ་ཁྲིད་ཀྱི་གྲངས།

མིག་སྔར་སྨན་ཁང་ལ་སྒྲིག་ཁོངས་ཀྱི་ལས་བཟོ་མི་གྲངས་༡༠༥དང་རྫོང་རིམ་པའི་འགོ་ཁྲིད་གྲངས་༤   སྡེ་ཁག་རིམ་པའི་འགོ་ཁྲིད་གྲངས་༣༨བཅས་ཡོད།

 

 

༢༽ ཤེས་ལྡན་མི་སྣའི་སྒྲིག་ཁོངས།

སྨན་ཁང་ལ་ད་ལྟའི་ཆར་ལས་བཟོ་མི་གྲངས་༣༨༡དང་དེའི་ཁྲོད་དངོས་གཞིའི་ལས་བཟོ་མི་གྲངས་༡༣༦ཡོད་པ་དེས་སྨན་ཁང་ཁྱོན་ཡོངས་ཀྱི་བརྒྱ་ཆ་༣༥.༧ཟིན་པ་དང་།  གདན་ཞུས་ལས་མི་༢༤༥ཡོད་པ་དེས་སྨན་ཁང་ཁྱོན་ཡོངས་ཀྱི་བརྒྱ་ཆ་༦༤.༣ཟིན་པ། དོ་དམ་མི་སྣ་༣༠ཡོད་པ་དེས་སྨན་ཁང་ཁྱོན་ཡོངས་ཀྱི་བརྒྱ་ཆ་༧.༨ཟིན་ཡོད། འཕྲོད་བསྟེན་ཆེད་ལས་མི་སྣ་༢༤༤ཡོད་པའི་ནང་སྨན་པ་༡༡༥དང་།  ནད་སྐྱོང་༨༤  སྨན་སྦྱོར་མི་སྣ་༡༣ སྨན་བཅོས་ལག་རྩལ་མི་སྣ་༡༢བཅས་ཡོད་པ་དེ་དག་གིས་ཁྱོན་ཡོངས་ཀྱི་བརྒྱ་ཆ་༥༨.༧ཟིན་པ་བཅས་སོ།

 

༼༡༽ལས་གནས་སྒྲིག་གཞི།   སྨན་ཁང་དུ་སྨན་པ་འབུམ་རམས་པ་༤དང་།  འབུམ་རམས་གཞོན་པ་མི་གྲངས་༢༥  རབ་འབྱམས་པ་༤༤  དཀའ་བཅུ་པ་དང་དེ་མིན་ཆེད་ལས་ལག་རྩལ་མི་སྣ་༡༥༡བཅས་ཡོད།

 

 

༼༢༽སློབ་གནས་སྒྲིག་གཞི།  བོད་སྨན་འབུམ་རབས་པའི་སློབ་གནས་སློབ་གནས་༡དང་།            རབས་འབྱམས་ཞིབ་འཇུག་སློབ་གནས་༧   དངོས་གཞིའི་སློབ་གནས་༩༡  ཆེད་ལས་སློབ་ཆེན་སློབ་གནས་མི་གྲངས་༡༠༦   དེ་མིན་༡༧༦བཅས་ཡོད།

 

༼༣༽མཁས་དབང་སྒྲིག་གཞི།       སྨན་ཁང་ནང་དུ་རིག་གཞུང་གི་མཁྱེན་རྒྱ་ཟབ་ཅིང་ལག་ལེན་གྱི་མྱོང་བས་ཕྱུག་པའི་མཁས་དབང་མང་དག་ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ཀྲུང་ལུགས་སྨན་པ་གཅིག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་བསྣོན་བཞེས་མཁན་མཁས་དབང་གཉིས།  ལྗོངས་རིམ་པའི་གྲགས་ཅན་སྨན་པ་བཞི།  རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་མཁས་དབང་༼བོད་ལུགས་ཆུ་བརྟག་རིག་པ་དང་ལུམས་བཅོས་རིག་པ་༽གཉིས། འབུམ་རམས་སློབ་མའི་འཛུབ་སྟོན་དགེ་རྒན་གཉིས་དང་རབ་འབྱམས་ཞིབ་འཇུག་སློབ་མའི་འཛུབ་སྟོན་དགེ་རྒན་ལྔ། ལོ་ལྟར་ཧུའུ་ནན་ཞིང་ཆེན་བོད་སྐྱོར་སྨན་བཅོས་མཁས་དབང་བཅུ་གྲངས་ཡོད།

 

 

༣༽   སྡེ་ཁག་འཛུགས་སྐྱོང་།

སྨན་ཁང་ནང་རྒྱལ་ཁབ་དང་ལྗོངས་རིམ་པ། དེ་བཞིན་སྨན་ཁང་རིམ་པའི་བོད་ལུགས་ཁྱད་ལྡན་གྱི་ཕོ་རྒྱུ་དང་། སྙིང་ཀླད་ཁྲག་རྩའི་ཆེད་ལས་སྡེ་ཁག  དཔྱད་བཅོས།  ཐ་མལ་ནད་མེད།  རུས་ནད།   ལུམས་བཅོས།   དཀའ་ཉེན་ལྕི་བའི་སྡེ་ཁག་བཅས་ཡོད་ལ་ཕོ་རྒྱུ་དང་ཀླད་ནད། ཐ་མལ་ནད་མེད་གསུམ་ནི་རྒྱལ་ཁབ་རིམ་པའི་ལོ་ལྔ་ཚན་བཅུ་གཉིས་པའི་གཙོ་གནད་ཀྱི་ཆེད་ལས་སྡེ་ཁག་ཡིན་པ་དང་།  ཕོ་རྒྱུའི་སྡེ་ཁག་ནི་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་ནད་ཐོག་གཙོ་གནད་འཛུགས་སྐྱོང་ཚན་པ་ཡང་ཡིན།  བོད་སྨན་དཔྱད་བཅོས་སྡེ་ཁག་ནི་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྡེ་ཁག་ཡིན་པའི་ཆ་ནས་དུགས་ལུམས་བྱུག་པ་སོགས་ཀྱི་དཔྱད་བཅོས་ཁག་རྒྱུན་འཛིན་བྱེད་བཞིན་ཡོད།

 

༤༽  ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།  

ལོ་ལྔ་ཚན་བཅུ་གཉིས་དང་བཅུ་གསུམ་བཅས་ཀྱི་རིང་གྲོང་ཁྱེར་རིམ་པའི་ཚན་ཞིབ་རྣམ་གྲངས་དང་། ཅུས་རིམ་པའི་ཚན་ཞིབ་རྣམ་གྲངས།  ལྗོངས་རིམ་པའི་ཚན་རྩལ་རྣམ་གྲངས། དེ་བཞིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ཚན་ཞིབ་རྣམ་གྲངས་སོགས་ཁྱོན་རྣམ་གྲངས་ཆེ་ཆུང་༣༡ཙམ་གཉེར་སྐྱོང་ཐུབ་པ་དང་། སྔ་རྗེས་སུ་༼བོད་ཀྱི་བཅུ་ཕྲག་རིག་པའི་རྩ་གཞུང་ཀུན་བཏུས་ཆེན་མོ།༽དང་། ༼བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་མི་སྣའི་གཞི་རྩ་གསུམ་གྱི་སྦྱོང་བརྡར་སློབ་གཞི་བདུད་རྩིའི་གཏེར་མཛོད།་༽ཀྱི་དཔར་གཞི་གསར་རྙིང་གཉིས།༼དཔྱད་བཅོས་ཀློག་དེབ་འཚོ་བྱེད་སྨན་པའི་དགའ་སྟོན་༽༼རྒྱལ་ཁབ་སྨན་རྫས་དཀར་ཆག་ལས་བོད་སྨན་གྱི་སྦྱོར་ཚད་༽༼ཤང་གྲོང་སྨན་པའི་སྦྱོང་བརྡར་སློབ་གཞི་༽༼བོད་ལུགས་གསོ་རིག་གི་ནད་རིགས་བརྒྱ་རྩ་གཅིག་གི་བརྟག་བཅོས་ཇུས་གཞི་༽༼བོད་ལུགས་གསོ་རིག་གི་དྲི་ཆུའི་བརྟག་ཐབས་གསལ་བའི་མེ་ལོང་།༽༼བོད་ལུགས་གསོ་བ་རིག་པའི་ཞི་བྱེད་སྨན་སྦྱོར་ལས་གཉེན་པོ་ཁ་ཚར་གྱི་ལག་ལེན་གསལ་བར་བསྟན་པ་གསར་བུའི་འཇུག་ངོགས་།༽༼དྲི་ཆུའི་བརྟག་ཐབས་གསལ་བའི་མེ་ལོང་།༽༼བོད་ལུགས་གསོ་རིག་གི་འཕྲོད་སྦྱོར་ལག་རྩལ་ཁྱབ་སྤེལ་གཏོང་བའི་ཀློག་དེབ་༽༼མཁས་དབང་འཇམ་ལྷུན་མཅོག་གི་རིག་གཞུང་དགོངས་པ་ཞིབ་འཇུག་༽༼ལྷོ་ཁ་སྨན་རྩིས་ནང་གི་འཕྲིན་ལས་གསལ་བའི་མེ་ལོང་༽སོགས་བོད་ལུགས་གསོ་རིག་ནད་ཐོག་དང་སྨན་རྫས་ཚད་ལྡན་བཀོལ་སྤྱོད་སྐོར་གྱི་དེབ་ཉི་ཤུ་ཙམ་རྩོམ་སྒྲིག་དང་ལེགས་སྒྲིག་བྱས་ཡོད། གཞན་ཡང་རྒྱུད་དང་ཉམས་ཡིག་ཁག་ལས་སྔོག་འདོན་བྱས་པའི་སྨན་རྫས་༢༠༠ལྷག་ལ་སྨན་སྦྱོར་གྱི་ཆོག་མཆན་ཐོབ་པ་དང་། དེ་དག་ཁྲོད་གློ་ནད་ཐེས་པོའི་སྨན་ལི་ཤི་དྲུག་པ་དང་། གཉིད་ཡེར་བའི་སྨན་སུག་སྨེལ་གསུམ་ཐང་།  ཧོར་མེའི་ཆ་བྱད།  དྲི་ཆུའི་བརྟག་སྣོད་སོགས་ཆ་བྱད་དང་ཐོན་རྫས་མང་པོ་ཞིག་ལ་ཆེད་ཁེའི་བདག་དབང་གི་ཆོག་མཆན་ཐོབ་པ། 

༥༽ བོད་སྨན་ཐོན་སྐྱེད།

སྨན་སྦྱོར་ཁང་ནི་གྲོང་ཁྱེར་ཡོངས་ཀྱི་སྨན་རྫས་ཐོན་སྐྱེད་ཀྱི་ལྟེ་བ་ཡིན་ཅིང་ངེད་གྲོང་ཁྱེར་བོད་སྨན་ཐོན་རྫས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་ཡུམ་བུ་བརླ་མཁར་བོད་སྨན་བཟོ་གྲྭ་དང་མཉམ་ལས་བྱ་བཞིན་ཡོད་ལ་བཟོ་གྲྭ་འདི་ནི་༢༠༠༤ལོར་ལྗོངས་ནང་ཁུལ་དུ་རྒྱལ་ཁབ་རིམ་པའི་GMPཞིབ་བཤེར་རྩིས་ལེན་ཐུབ་པའི་བཟོ་གྲྭ་ཐོག་མ་དེ་ཡིན་པ་དང་། ལོ་ལྔ་ཚན་བཅུ་གཉིས་པའི་ནང་པར་གཞི་གསར་པའི་GMPའཁོར་ཁང་གསར་སྐྲུན་བྱས་པ་མ་ཟད་༢༠༡༥ལོར་ཞིབ་བཤེར་ཆོག་ཨང་ཐོབ་ཅིང་།   ལོ་རེར་བོད་སྨན་རྣམ་གྲངས་༢༦༠ལྷག་ཙམ་ཐོན་སྐྱེད་བྱ་བཞིན་ཡོད་ལ་ཐོན་ཚད་ཏུན་༤༠ཙམ་ཟིན་ཡོད། དེ་དག་གཙོ་བོ་སྨན་ཁང་དང་རྫོང་ཁག་བཅུ་གཉིས། ཤང་གྲོང་༨༣བཅས་ཀྱི་བོད་སྨན་ནད་ཐོག་ལ་སྤྱོད་བཞིན་ཡོད་པ་མ་ཟད་ལྷ་ས་དང་གཞིས་ཀ་རྩེ།  ནག་ཆུ།  པེ་ཅིན་བོད་སྨན་ཁང་སོགས་ལ་ཚོང་གཉེར་བྱེད་བཞིན་ཡོད།  ལོ་རེའི་ཡོང་འབབ་སྒོར་ཁྲི་༡༨༠༠ལྷག་ཟིན་ཅིང་། དེའི་ཁྲོད་ཁེ་ཕན་ཁྲི་༦༠༠ལྷག་དང་གོང་འབུལ་ཁྲལ་དངུལ་ཁྲི་༣༠༠ལྷག་ཟིན་པ་བཅས་མདོར་ན་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་འདིས་བོད་སྨན་ཁྱད་ཆོས་འདོན་སྤེལ་དང་མི་དམངས་ཀྱི་བདེ་ཐང་ལེགས་བཅོས།  བདེ་ཐང་གི་ལྷོ་ཁ་འཛུགས་སྐྲུན་བྱ་རྒྱུར་ལེགས་སྐྱེས་ཕུལ་བཞིན་ཡོད། །