ནད་ཐོག་ཁའོ་
ཕྱི་བཅོས་

ལྷོ་ཁ་སྨན་རྩིས་ཁང་ཕྱི་བཅོས་སྡེ་ཁག་ནི་བོད་ཕྱི་ཟུང་འབྲེལ་གྱི་ཕྱི་བཅོས་ནད་རིགས་ཁག་ལ་བརྟག་བཅོས་ཐུབ་པའི་ཚན་པ་ཞིག་ཡིན། སྡེ་ཁག་འདིར་ཁྱོན་སྨན་དོན་མི་སྣ་༡༦བཀོད་སྒྲིག་ཞུས་ཡོད་པ་སྟེ་འབུམ་རམས་སྨན་པ་༼༡༽ འབུམ་གཞོན་སྨན་པ་༼༢༽ རབ་འབྱམས་སྨན་པ་༼༢༽ དཀའ་བཅུ་སྨན་པ་༼༢༽བཅས་སྨན་པ་བདུན་དང་། ཁ་ངོ་སྐྱེ་འབྲས་མཚར་ལ་སྨན་བཅོས་ཞབས་ཞུའི་འགན་སེམས་ལྷག་པར་ཆེ་བའི་ནད་སྐྱོང་༼༩༽བཀོད་སྒྲིག་ཞུས་ཡོད། སྡེ་ཁག་འདིར་ད་ཆ་ཁྱོན་ནད་ཁྲི་༤༠བཀོད་སྒྲིག་བྱས་ཡོད།

སྡེ་ཁག་འདིར་ཁྱོན་ནད་ཁྲི་༼༤༠༽བཙུགས་ཡོད་པ་དང་།འབུ་ཕྲ་མེད་པའི་གཤགས་བཅོས་ཁང་དང་། གློག་རྡུལ་ཁོང་ཤེལ་གཤགས་བཅོས་འཕྲུལ་འཁོར། སྣོད་མཁྲིས་མ་ལམ་གྱི་ཤེལ་འཕྲུལ། རུས་ནད་ཀྱི་CPའཕྲུལ་འཁོར། གསོན་ཁྲག་བསྐྱར་འདྲེན་འཕྲུལ་ཆས་སོགས་ཆེས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ཕུན་སུམ་ཚོགས་པ་ནང་འདྲེན་ཞུས་ཡོད།

ནད་ཐོག་དངོས་ནང་ཕྱི་བཅོས་སྡེ་ཁག་ནས་བོད་ཕྱི་ཟུང་འབྲེལ་གྱིས་རྒྱུན་མཐོང་ཕྱི་བཅོས་ནད་རིགས་ཁག་ལ་བརྟག་བཅོས་བྱེད་པ་ཕུད་གཙོ་བོ་སྣོད་མཁྲིས་རྡེའུ་སྐྲན་ནད་དང་། སྣོད་མཁྲིས་རམ་ལམ་རྡོ་སྐྲན། རྒྱུ་ལྷག་ནད་བཅས་ལ་ཕོག་སྡུག་ཆུང་བའི་ཁོང་ཤེལ་འཕྲུལ་འཁོར་གཤགས་བཅོས་དང་། མཆིན་པའི་ཐུམ་སྲིན་ནད་དང་། རྒྱུ་འགག་ནད། རྒྱུ་རླུགས་ནད། ཕོ་རྒྱུའི་འབྲས་སྐྲན་ནད། གཞང་འབྲུམ་ནད། མངལ་སྐྲན་དང་ཚིལ་སྐྲན་སོགས་ཀྱི་ཁོང་པའི་གཤག་བཅོས་དང་། པུས་ཚིགས་དང་དཔྱི་ཚིགས་གསར་བརྗེའི་གཤགས་བཅོས། དེ་བཞིན་ཡན་ལག་རུས་ཆག་ནད་དང་། ཡན་ལག་ཚིགས་ཤོར་སོགས་ཀྱི་ནད་རིགས་ཁག་ལ་གཤགས་བཅོས་ཐུབ་པའི་ནད་ཐོག་ལག་རྩལ་ལྡན་ཡོད། ལྷག་པར་གཤགས་བཅོས་སྔ་ཕྱིར་བོད་ལུགས་གསོ་རིག་གི་དམིགས་གསལ་ཁྱད་ནུས་ལ་བརྟེན་ནས་གཤགས་བཅོས་སྔ་ཕྱིའི་བླ་གཉན་ནད་རིགས་དང་། རུས་ཆག་གསོ་སྦྱོར། རྨ་གཉན་མྱུར་གསོ་སོགས་ལ་བོད་སྨན་གཉེན་པོ་ཁག་བེད་སྤྱོད་དང་ཞིབ་འཇུག་ཡུན་རིང་བྱས་པ་བརྒྱུད་གསོ་བཅོས་གྱི་ཕན་ནུས་དེ་བས་ཆེར་མངོན་ཐུབ་པའི་ཁྱད་ཆོས་ལྡན་པར་རྒྱ་ཆེའི་འགྲོ་བ་ནད་པ་རྣམས་ཀྱི་བསྔགས་བརྗོད་བཟང་པོ་ཐོབ་ཡོད།

སྡེ་ཁག་གི་སྨན་དོན་མི་སྣ་རྣམས་ནས་ཁྱོན་དཔྱད་རྩོམ་༦༠ལྷག་ཙམ་དུས་དེབ་ཁག་ནང་འདོན་སྤེལ་བྱས་ཡོད་པ་དང་། ༢༠༡༩ལོར་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་དོ་དམ་ཅུས་གྱི་ཅུས་རིམ་པའི་ཚན་ཞིབ་རྣམ་གྲངས་༼བོད་ཕྱི་ཟུང་འབྲེལ་གྱིས་དོན་སྣོད་གླང་འཐབ་ནད་ཀྱི་བརྟག་བཅོས་ཇུས་གཞི་༽དེ་ཉིད་ཚད་ཐོར་ལེགས་གྲུབ་ཐུབ་ཡོད།