ནད་ཐོག་ཁའོ་
འཇུ་བྱེད་སྡེ་ཁག

འཇུ་བྱེད་སྡེ་ཁག་འདི་བཞིན་༢༠༠༩ལོར་བཙུགས་ཅིང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་གཙོ་གནད་ཆེད་ཚན་འཛུགས་སྐྲུན་གྱི་སྡེ་ཁག་ཞིག་རེད། སྡེ་ཁག་ཡོངས་ལ་ཁྱོན་སྨན་དོན་མི་སྣ་༢༣ཡོད་པ་དང་། བོད་ལུགས་གསོ་རིག་གི་ལས་གཉེར་སྨན་པ་༡༠ཡོད་པ་དང་། དེའི་ནང་བོད་ལུགས་གསོ་རིག་གི་སྨན་པ་འབུམས་གཞོན་པ།༤ སྨན་པ་རབ་འབྱམས་པ།༣ སྨན་པ་དཀའ་བཅུ་པ།༣ བཅས་ཡོད། ལས་གཉེར་ནད་སྐྱོང་༡༡ཡོད་པ་དང་། དེའི་ནང་ནད་སྐྱོང་རབ་འབྱམས་པ་༡ ནད་སྐྱོང་དཀའ་བཅུ་པ་༢ ནད་སྐྱོང་བསྡུས་ར་བ་༨ སྨན་གཡོག་༢ བཅས་ཡོད། མིག་སྔར་སྡེ་ཁག་ཧྲིལ་པོར་ཁྱོན་ནད་སྡོད་ནད་ཁྲི་༤༣ བཙུགས་ཡོད་པ་དང་། སྒོ་སྟེན་དུ་འཇུ་བྱེད་ཆེད་ཚན་བརྟག་བཅོས་ཁང་གཅིག་དང་ཕོ་ཤེལ་དང་ལོང་ཤེལ་བརྟག་བཅོས་ཁང་བཅས་ཡོད། ལོ་རེར་སྒོ་སྟེན་ནད་གྲངས་༡༢༨༠༠ཙམ་ཟིན་གྱི་ཡོད། ལོ་རེར་ནད་ཁང་ནས་ཕྱིར་ལོག་ནད་གྲངས་༨༥༠ཙམ་ཟིན་པ་དང་དེའི་ནང་ཆེད་ཚན་ཁྱད་ལྡན་ནད་རིགས་ཀྱིས་བརྒྱ་ཆ་༨༠ ཙམ་ཟིན་གྱི་ཡོད། སྒོ་སྟེན་ཆེད་ཚན་ནད་གྲངས་དང་ནད་ཁང་གི་ཕྱིར་ལོག་ནད་གྲངས་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད།

སྡེ་ཁག་གི་མཁྲེགས་ཆས་སྒྲིག་བཀོད་ཐད། འཇར་པན་ནས་ནང་འདྲེན་བྱས་པའི་(OLYMPUS)རྟགས་ཅན་གློག་རྡུལ་ཁོང་ཤེལ་ཨང་རྟགས་180 བྱས་པ་གཅིག་དང་། (OLYMPUS)རྟགས་ཅན་གློག་རྡུལ་ཕོ་ཤེལ་ཨང་རྟགས་260 བྱས་པ་གཉིས།(OLYMPUS)290རྟགས་ཅན་གློག་རྡུལ་ལོང་ཤེལ་གཅིག སོལ་བ་13ཅན་གྱི་ཕོ་བའི་དུང་འབུ་ཞིབ་དཔྱད་ཚད་ལེན་ཡོ་བྱད་གཅིག གསུས་ཆུའི་དྭངས་སྙིགས་དོར་ལེན་གྱི་འཕྲུལ་འཁོར་སོགས་སྔོན་ཐོན་གྱི་ནད་ཐོག་བརྟག་བཅོས་སྒྲིག་ཆས་ཡོད་པ་མ་ཟད་བོད་ལུགས་གསོ་རིག་གི་གཏར་བསྲེག་ཆ་བྱད་དང་ནི་རུ་ཧའི་ཆ་བྱད། བོད་ལུགས་གསོ་རིག་གི་དྲི་ཆུའི་བརྟག་སྣོད་སོགས་ཡོད།

ད་ལྟ་སྡེ་ཁག་གི་བོད་ལུགས་གསོ་རིག་ཁྱད་ཆོས་འདོན་སྤེལ་གྱི་རྣམ་གྲངས་ཐད་གཏར་ག་དང་མེ་བཙའ། སྒ་གདན་སྤྲ་མེ། བྱུག་པ་སོགས་དཔྱད་བཅོས་ལག་ལེན་ཁག་དང་། དེ་བཞིན་བོད་ལུགས་གསོ་རིག་གི་གསེར་བཤལ་དང་། ནི་རུ་ཧ། འཇམ་རྩི་སོགས་སྦྱོང་བྱེད་ལས་ཀྱི་ལག་ལེན་ཁག་ནད་ཐོག་དངོས་ནང་སྤྱོད་པ་དང་། ད་དུང་དེང་རབས་གསོ་རིག་གི་བརྟག་བཅོས་ཕོ་ཤེལ་དང་ལོང་ཤེལ། ཕོ་བའི་དུང་དབྱིབས་འབུ་ཕྲའི་ཞིབ་དཔྱད་དང་། ཕོ་བ་དང་ལོང་གི་ཤ་སྐྲན་ལྡུམ་བུ་བསྲེག་གཅོད། མིད་པར་ཤོར་བའི་ཅ་དངོས་ཤེལ་འོག་ནས་ལེན་པ། མིད་སྦུབས་དོག་ཅན་ལ་འཁར་སྒྲོམ་འཇོག་པ།མཆིན་ནད་དུག་ཐབས་དང་མཆིན་འབྲས་ཀྱིས་ཤིན་ཏུ་སྦྱོང་དཀའ་བའི་དམུ་ཆུར་གསུས་ཆུའི་དྭངས་སྙིགས་དོར་ལེན་གྱི་ལག་རྩལ་སོགས་གསོ་བཅོས་ཀྱི་རྣམ་གྲངས་སྤེལ་བཞིན་ཡོད།

སྡེ་ཁག་གོང་འོག་ཚང་མས་ནད་ཐོག་ཞིབ་འཇུག་ཐད་ལྷོད་གཡེང་མེད་པར་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གཉིས་ནང་གཙོ་གནད་ཆེད་ཚན་འཛུགས་སྐྱོང་རྣམ་གྲངས་དང་དུས་མཚུངས་རྒྱལ་ཁབ་སྤྱི་པའི་འཕྲོད་བསྟེན་མ་དངུལ་རྣམ་གྲངས་བོད་ལུགས་གསོ་རིག་འཕྲོད་སྦྱོར་ལག་རྩལ་ལས་བོད་གསོའི་དྲི་ཆུར་བརྟག་པའི་ཁྱད་ལྡན་ལག་རྩལ་དང་བཤལ་ལ་བརྟེན་ནས་བད་སྲིན་སྦྱོང་བ་དང་མཁྲིས་ཁུ་ཉོགས་སེལ་གྱི་ལག་རྩལ་ཁྱབ་སྤེལ་དང་ནད་ཐོག་ཕན་འབྲས་དབྱེ་ཞིབ་དང་ཞིབ་འཇུག རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གཉིས་ནད་ཐོག་གཙོ་གནད་ཆེད་ཚན་འཛུགས་བསྐྲུན་རྣམ་གྲངས། གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་རྣམ་གྲངས་ཆེད་ཚན་སྨན་སྦྱོར་བོད་སྨན་༼སྨུག་པོ་བདེ་བྱེད་༽ནད་ཐོག་ཞིབ་འཇུག་ལས་དོན་དང་། བོད་ལུགས་གསོ་རིག་གི་༼ གསེར་བཤལ ༽ལག་ལེན་གྱི་སྣོད་མཁྲིས་རྙིང་ཚད་དང་མ་ཞུ་བསུད་ནད།མཁྲིས་ཁུ་གར་རྙོགས་སོགས་ལ་གསོ་བཅོས་བྱས་ཏེ་ནད་ཐོག་ཕན་འབྲས་ཞིབ་འཇུག་ལས་དོན་དང་། བོད་ལུགས་གསོ་རིག་གི་ཁྱད་ལྡན་༼ འཇམ་རྩིའི་ ༽ལག་ལེན་གྱིས་ལོང་ཚད་དང་ལོང་སྨུག་པོ། ལོང་རླུང་སོགས་ལ་ནད་ཐོག་ཕན་འབྲས་ཞིབ་འཇུག་ལས་དོན། དུས་མཚུངས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་མཆིན་ནད་སྡེ་ཁག་དང་ཕོ་རྒྱུའི་སྡེ་ཁག་དང་ལྷན་དུ་མཆིན་ནད་དུག་ཐབས་དང་མཆིན་ནད་ལྡེམ་བུ། འཇུ་ལམ་སྨུག་པོ། བད་ཀན་སེར་པོའི་ནད་སོགས་ལ་ནད་ཐོག་ཕན་འབྲས་ཞིབ་འཇུག་ལས་དོན་སྒྲུབ་མུས་བཅས་སོ།