སྨན་དོན་སྡེ་ཁག་བྱ་བ་འདི་ནི་སྨན་ཁང་གི་གལ་ཆེའི་འགན་ནུས་སྡེ་ཁག་ཅིག་ཡིན་པ་དང་། དེ་ཡང་འདས་པའི་ལོ་ངོ་བཞི་ཅུའི་ནང་ཆར་རྒྱུན་གྱི་མྱུ་གུ་བཞིན་རིམ་བཞིན་འཕེལ་རྒྱས་བྱུང་ཡོད་ཅིང་། ད་ཆ་སྡེ་ཁག་ཡོངས་ལ་ལས་བྱ་མི་གྲངས་ལྔ་ཙམ་ཡོད་པའི་ནང་སྡེ་ཁག་འགན་འཁུར་མི་སྣ་གཅིག་དང་། འགན་འཁུར་གཞོན་པ་གཅིག ལས་བཟོ་གསུམ་བཅས་ལས་གྲུབ་ཅིང་། ལག་རྩལ་གོ་མིང་ཐད་འབུམ་གཞོན་སྨན་པ་གཅིག་དང་། རབ་འབྱམས་སྨན་པ་བཞི་ཡོད་བཅས་ཡོད། སྨན་དོན་སྡེ་ཁག་ནས་གཙོ་བོ་སྨན་ཁང་ཁྱོན་ཡོངས་ཀྱི་སྨན་བཅོས་དང་། བདེ་སྲུང་། སྔོན་འགོག སློབ་གསོ་བཅས་ཀྱི་གཙོ་གནད་ལས་དོན་དང་། དེ་བཞིན་སྨན་བཅོས་བདེ་འཇགས་དང་། རིག་ཚན་འཛུགས་སྐྱོང་། སྤུས་ཚད་དོ་དམ། ཡིག་ཚགས་སྤུས་བཤེར། མི་སྣའི་དོ་དམ་སོགས་ཀྱི་ལས་དོན་མང་དག་སྒྲུབ་བཞིན་ཡོད་བཅས་སོ། །